༄༅། ། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་དྲ་ཚིགས་འདིའི་ནང་དུ་བོད་ཡུལ་གཙོ་བྱས་པའི་རང་བྱུང་ཡུལ་ལྗོངས་དང་། རི་རྒྱུད། ཆུ་བོ་ཆེ་ཆུང་། མཚོ་ཆེ་ཆུང་། དགོན་སྡེ་དང་གནའ་ཤུལ། བོད་ཡུལ་འདུས་སྡོད་ཀྱི་གྲོང་ཁྱེར་དང་གྲོང་བརྡལ།  རི་དྭགས་དང་གཅན་གཟན། བྱ་རིགས། འབུ་སྲིན་ལ་སོགས་ཀྱི་ཐོན་ཁུངས་མ་ལུས་གསོག་སྒྲུབ་བྱ་་སའི་དྲ་ཚིགས་ཤིག་ཏུ་འགྱུར་བར་འབད་པ་བྱ་བཞིན་ཡོད། རང་བྱུང་ཐོན་ཁུངས་དང་། སྐྱེ་དངོས་ཁོར་ཡུག  རི་དྭགས་སེམས་ཅན་གང་མང་གི་འདྲ་པར་དང་། འབྲེལ་བཤད་ཞིབ་ཅིང་རྒྱས་པ་ཞིག་འཚོལ་ཞིབ་དང་བསྡུ་སྒྲིག་བྱ་བཞིན་པའི་སྒང་ཡིན། མ་འགོར་བར་དྲ་ཚིགས་སུ་སྤྱན་འབུལ་བྱ་ངེས་ཡིན།
          སྐྱེ་དངོས་སྐོར་ལས་སྲོག་ཆགས་རིགས་ཀྱི་འདྲ་པར་དང་མིང་ཚིག་བོད་རྒྱ་དབྱིན་གསུམ་ཐོག་ཤན་སྦྱར་བྱས་ཏེ་ཀློག་ན་སྟབས་བདེ་བ་དང་། ལྟ་བདེ་བ་ཞིག་བཟོ་བཞིན། འདི་དག་གཙོ་བོ་བོད་ཀྱི་ན་ཆུང་བྱིས་པ་ཚོར་ཆེད་དུ་དམིགས་ཏེ་བཟོ་སྐྲུན་བྱས་པ་ཞིག་ཡིན། ལྷག་པར་དུ་བོད་ཀྱི་ཁོར་ཡུག་གནས་སྟངས་ངོ་སྤྲོད་དང་། རྒྱུས་ལོན་བྱ་བར་ཕན་པ་ཡོད་པར་གཞི་བཅོལ་ཏེ་ལོ་ངོ་ལྔ་ལྷག་རིང་གསོག་སྒྲུབ་དང་། བསྒྱུར་སྒྲིག་བྱས་ཏེ་སྐྱེ་དངོས་སྐོར་ལས་བོད་རྒྱ་དབྱིན་གསུམ་སྲོག་ཆགས་རིགས་ཀྱི་ཐ་སྙད་ཤན་སྦྱར་གྱི་བརྙན་དེབ་ ༼ བཅུད་ཀྱི་འཇིག་རྟེན་ ༽ ཞེས་པའི་དཔེ་དེབ་གཅིག་ཀྱང་བཟོས་ཚར་ཡོད་མོད། ཆ་རྐྱེན་དབང་གིས་དཔར་སྐྲུན་བྱ་ཐབས་བྲལ། འོན་ཀྱང་བདག་གིས་ཐབས་ཤེས་གང་ཡོད་རྒྱུད་ནས་དཔར་སྐྲུན་བྱས་ཏེ་སློབ་གྲྭ་དང་དགོན་སྡེ་ཁག་ནང་དུ་རིན་མེད་ཐོག་འགྲེམས་སྤེལ་བྱ་ངེས་ཡིན།
          སྤྱིར་རང་ཉིད་ཀྱི་ཆེད་ལས་སྐྱེ་ཁམས་ཁོར་ཡུག་སྐོར་མིན་ཡང་དེ་དག་ཕྱོགས་ལ་སྤྲོ་བ་ཟབ་མོ་ཞིག་ཡོད་པའི་རྐྱེན་གྱིས་བོད་ཀྱི་ཁོར་ཡུག་གཙོ་བོ་བྱས་ཏེ་སྐྱེ་དངོས་སྲོག་ཆགས་རིགས་ཀྱི་མིང་བརྡ་བོད་ཡིག་ཚིག་མཛོད་དུ་ཡོད་ཚད་ཚང་མ་འདྲ་དཔར་དང་བཅས་བ་ཕྱོགས་བསྒྲིག་བྱས་ཡོད།

                            ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡ ཚེས་ ༢༨ ཉིན་འཕགས་ཡུལ་ནས།